Friday, 16 October 2015

དགེ་བཤེས་ཤིག་གིས་གླེན་རྟགས་བཏོན་པ།

                                དགེ་བཤེས་ཤིག་གིས་གླེན་རྟགས་བཏོན་པ།
                                                                  རིགས་ཀྱི་བུ་བཟང་།
རིང་པོ་མ་ལོན་པའི་སྔོན་ལ་དགེ་བཤེས་ཤིག་དགུང་ལོ་དྲུག་ཅུ་ལྷག་ཙམ་ཕེབས་ཡོད་ པའི་རྒན་ཁོག་ཅིག། ད་ལྟ་ཁོང་དགོན་པ་ནས་ལས་འཁྱུར་ངལ་གསོ་གནང་བཞིན་ཡོད་ཀྱང་ད་དུང་ཉིན་ལྟར་ཁྱིམ་ དུ་ཞལ་ལག་བཟོ་གནང་བ་དང་གྱོན་གོས་བཀྲུུ་བ། དེ་མིན་གྱི་ཤག་ནང་ལ་ལྟད་མོ་ཙག་ཙིག་རྫོགས་རྒྱུ་མེད་པ་ཞིག་བལྟ་གནང་སྟེ་བཞུགས་ ཀྱི་ཡོད།
ཁོང་འདི་ལོར་དགུན་ཁའི་སྐབས་དུག་སྦྲང་ཧ་ཅང་མང་བས་ཁྲོམ་གཞུང་དུ་དུག་སྦྲང་ སྤོས་ཤིག་ཉོ་བར་བསྐྱོད། ཁོང་གིས་རྒྱུན་དུ་དུག་སྦྲང་གི་སྤོས་བེད་སྤྱོད་ གཏོང་གི་ཡོད་ན་ཡང་གློག་གི་དུག་སྦྲང་སྤོས་བེད་སྤྱོད་རྩ་བ་ནས་བཏང་མྱོང་མེད་ པས་ཉོ་བར་ཐེངས་དང་པོ་ཆགས་བསྡད་ཡོད། ནང་ལ་ལོག་མ་ཐག་ཏུ་རྒྱ་གར་གློག་བརྙན་མཇུག་ཏུ་དུག་སྦྲང་སྤོས་ཀྱི་ཁྱབ་བསྒྲགས་ ཞིག་གི་རྗེས་སུ་ལྟད་མོ་རྫོགས་ནས་གང་འཚམས་རྗེས་ལ་གཉིད་ལོག་ཐེབས་ཉེན་ཡོད་པས། ཁོང་གིས་དེ་སྔོན་ནས་ཉོ་ཆའི་ཅ་ལག་བསྔོགས་སྟེ་གློག་གི་དུག་སྦྲང་དེ་གློག་མཐུད་ དུ་བསྒར། ཁོང་གིས་སེམས་ནང་འདི་རིང་གཉིད་སྐྱིད་པོ་འབྱུང་ངེས་རེད་བསམ་ཡང་མཚན་གུང་དུ་ དུག་སྦྲང་ད་དུང་བཟོ་རྒྱག་ཀྱི་ཡོད་པས་ཁོང་རླུང་ལངས་ཐག་ཆོད་ནས། ད་གང་རེད། དེ་སྔོན་ལྟད་མོ་ནང་བཞིན་གློག་གི་དུག་སྦྲང་དེའི་ལྕེ་བཏོན་གྱི་མེད་པ་འདྲ། དུག་སྦྲང་ནི་ད་དུང་མཐོང་རྒྱུ་འདུག ཁོང་མཚན་གང་གློག་གི་དུག་སྦྲང་དེའི་ལྕེ་བཏོན་མིན་ལ་ཞིབ་བལྟ་བྱེད་ནས་མཚན་ མོའི་གཉིད་ཀྱང་ཟད །
སང་ཉིན་སྔ་བོ་གཉིད་སད་མ་ཐག་ཏུ་ཁྲོམ་གཞུང་དུ་ཕྱིན་ནས་ཚོང་དཔོན་དེ་ལ་ཁྲོ་བོ་ ངང་ནས་ཁྱེད་ཀྱི་དུག་སྦྲང་སྤོས་དེ་ལས་ཀ་རྩ་བ་ནས་བྱེད་ཀྱི་མི་འདུག ཚོང་དཔོན་གྱིས་སྐད་གསང་དལ་པོའི་ངང་སྨྲས་པ་། ག་བ་ག་བ་དུག་སྦྲང་སྤོས་ཚང་མ་གཅིག་མཚུངས་རེད། ལས་ཀ་བྱེད་དང་བྱེད། དགེ་བཤེས་ལགས་ཀྱིས་ཡར་ལན་དུ། མ་རེད་གློག་གིས་དུག་སྦྲང་དེས་དུག་སྦྲང་སླེབས་སྐབས་ལྕེ་རྒྱོང་གི་མི་འདུག གང་རེད། ལྕེ་མེད་པ་རེད་དམ། ཡང་ན། ཁྱེད་ཀྱིས་ལྕེ་གཏུབ་པ་ཡིན་ནམ། ཚོང་དཔོན་ངོ་མཚར་ངང། གང་ལྕེ། མི་ལ་མ་གཏོགས་དངོས་རྫས་ལ་ལྕེ་ཡོད་རེད་དམ། སྐུ་ཤོག་ལགས་འདི་འདྲ་ཀུ་རེ་ཡངས་པ་ལ། དགེ་བཤེས་ལགས་ཁྲོ་བཞིན་། མདང་གོང་ལྟད་མོ་བལྟས་སྐབས་ཁྱབ་བསྒྲགས་ནང་ལ་ལྕེ་་རིང་མོ་ཞེ་དྲགས་རྒྱོང་ནས་ དེས་དུག་སྦྲང་ཆ་ཚང་རྩ་མེད་གཏོང་གི་འདུག མཚན་མོ་ང་་དུག་སྦྲང་གློག་སྤར་ན་ཡང་གཟུགས་པོ་གང་སར་་སོ་བརྒྱབས་སོང། དངུལ་མ་སློག་ན་་འགྲིག་མ་སོང་སྐད་ཅོར་ཆེན་པོའི་ངང་ཟེར་ནས་ཚོང་དཔོན་དེ་ཅི་བྱ་ གཏོལ་མེད་ལུས་ནས་དགེ་བཤེས་ཀྱིས་གླེན་རྟགས་ལ་ངོ་མཚར་སྐྱེས་ཏེ་དགད་མོ་དགད་ནས་ སྙིང་རྗེ་བསྐྱེད་ཞོར་དངུལ་ཕར་སློག་པ་རེད།


No comments:

Post a Comment