Sunday, 10 May 2015




[ཨ་མ་ལགས། ཁྱེད་ཀྱི་བཀའ་དྲིན།]
                      རིགས་ཀྱི་བུ་བཟང།།

ཀཱ་ཀ་རུ་འགྲན་པའི་ངའི་གཤིས་རྒྱུད་ལ།།
ཁ་གཅང་ཆེན་པོའི་སྨྲ་ཚིག་རེ་རེར་གྱིས།།
ག་སོང་མདུན་ངོགས་གོམས་འདྲིས་སྒྲིག་པ་དེ།
ང་ཡི་མ་ཡུམ་ཆེན་པོའི་བཀའ་དྲིན་དེའོ།།

ཅ་ཅོ་ཆེ་བའི་ཁ་རྩོད་བྱས་བ་དེ།།
ཆ་ལུགས་མེད་པའི་ལམ་ལུགས་ཡིན་པ་རྣམས།།
ཇ་སྐོལ་བར་སྐབས་སློབ་གསོ་དེ་རྣམས་ནི།།
ཉ་གས་གཞལ་མེད་བཀའ་དྲིན་ཁོ་ན་ཡིན།།

ཏ་ཕོ་བདག་མེད་ཡར་མར་འཁྱམས་པའི་སྐབས།།
ད་ནི་རང་ཚུགས་བྱ་དགོས་བྱམས་བརྩེའི་སྐྱོངས།།
ཐ་མག་ཉེས་ཐག་རིགས་ནི་སྤོང་རྒྱུ་དེ།།
ན་གཞོན་སྐབས་ལ་གནང་བའི་ལམ་སྟོན་མ།།

པ་ལགས་ལས་སྐབས་རོགས་རྒྱུ་བྱ་རྒྱུ་དེ།།
བ་ལང་རྣམས་ལ་རྩྭ་ཆུ་སྟེར་རྒྱུ་ཡང།།
ཕ་བཟང་གཤིས་རྒྱུད་རང་གིས་བསྲེལ་དགོས་ངེས་།།
མ་ཡུམ་མཆོག་གིས་རྒྱུན་དུ་སློབ་གསོ་ཡིན།།


ཙ་རི་ཐོག་ཏུ་བསྐོར་ར་འགྲོ་རྒྱུ་བཟང་།།
ཚ་ག་ཚ་གི་བྲལ་བའི་སྙོམ་རྒྱུད་ལེགས།།
 ཛ་རེ་ཛོ་རེའི་ལས་ཀ་སྒབ་མི་གཙང༌།
ལྦ་མོ་བཞིན་དུ་བྲལ་དགོས་མ་ཡིས་གསུངས།།

ཞ་ར་བཞིན་དུ་ལམ་ལ་བགྲོད་བྱེད་མི་ངེས།།
ཟ་རི་ཟ་རི་ཆང་གི་བཟི་མི་ངེས།།
འ་རི་འུ་རི་ལས་དོན་བྱ་མི་ངེས།།
ཡ་བ་ཡོ་བེ་སློབ་སྦྱོང་བྱ་མི་ངེས།།

ར་མ་ལུག་གི་སྐད་ཆ་བཤད་མི་རུང།།
ལ་ཁ་རྒྱབ་དུ་ཕ་ཡུལ་བརྗེད་མི་རུང།།
ཤ་ཁྲག་གཅིག་གི་མཐུན་སྒྲིལ་དོར་མི་རུང།།
ས་ཀུན་དབང་པོའི་བཀའ་གསུངས་འགལ་མི་རུང།།

ཧ་གཉིད་སད་པའི་བརྩེ་བའི་ལམ་སྟོན་མ།།
ཨ་མ་ཁྱེད་ཀྱི་ལམ་སྟོན་ངོ་མཚར་རྣམས།།
ཧ་རི་ཧོ་རི་མེད་པ་འདི་རིང་སེམས་ནས།།
ཨ་མ་བཀའ་དྲིན་བསམ་ནས་སྙུག་ནས་ཕུལ།།

རིགས་ཀྱི་བུ་བཟང་གིས་ཨ་མའི་ཉིན་མོ་སྐབས་བྲིས། ཨ་མ་ཚེ་རིང་བསམ་སྐྱིད་ལ་བུ་ཡེ་ཤེས་ནས་ཕུལ།

No comments:

Post a Comment