Monday, 7 September 2015

འཁྲུངས་དཀར་དང། སྐྱེས་སྐར། བཙས་སྟོན།



                                        འཁྲུངས་དཀར་དང། སྐྱེས་སྐར། བཙས་སྟོན།

སྤྱི་ཟླ་༩་ཚེས་༡་ནི་ངའི་སྐྱེས་སྐར་གྱི་ཉིན་མོ་ཞིག་སྟེ། སྤྱིར་བོད་པའི་ལུགས་ནང་ འཁྲུངས་དཀར་དང། སྐྱེས་སྐར་ཡང་ན་སྐྱེས་ཚེས། བཙས་སྐར་དང་བཙས་སྟོན་སོགས་སྤྱོད་ཚུལ་མི་འདྲ་ཡང་།  དོན་དངོས་སུ་་ཡི་གེའི་དག་ཡིག་དེ་མི་གཅིག་ཀྱང་དོན་དངོས་སུ་ཉིན་མོའི་རྟེན་འབྲེལ་ནི་གཅིག་སྟེ། སོ་སོ་མའི་མངལ་ནས་འཇིག་རྟེན་འདིའི་ནང་ཐོག་མར་འགྲུལ་བཞུད་བྱས་པའི་ཉིན་མོ་ཞིག་དྲན་རྟེན་བྱེད་པའི་ཉིན་མོ་ཞིག་ལ་ཟེར།
ཡིན་ཡང་དཀར་ཟེར་བ་དེ་དང་སྐར་གཉིས་དབར་འབྲི་སྲོལ་གཉིས་ཡོད་པའི་དབང་དེར་དག་ཆ་དང་དོན་གྱི་དབར་ཁྱད་པར་ཕྲན་བུ་ཡོད་པ་དེ་ནི། དཀར་ཟེར་བ་མིང་ཚིག་དེའི་བསྟན་དོན་གཙོ་བོ་ནི། སྤྱིར་ང་ཚོས་སྙན་ངག་གི་གཞུང་ཁག་དང་རྒྱུན་ཏུ་ཕན་ཚུན་གྲོས་མོས་སུ་སྤྱོད་པའི་སྙན་འཇེབས་བཟོ་བའི་རྒྱན་ཚིག་ལྟ་བུ་སྟེ་>འོ་མ་དང་ཁ་བའི་མདོག་ལྟ་བུ།  (དཔེར་ན།) སྤྲིན་དཀར། གངས་དཀར། བལ་དཀར། ཁ་བཏགས་དཀར་པོ་ཞེས་པ་ལྟ་བུ། དེ་ཡིས་ཚིག་དོན་ངོ་མ་ནི་ དྲི་མས་མ་གོས་པའམ་བཟང་བའི་ཁ་མདོག་དོན་མཆིས།    (དཔེར་ན།) བསམ་པ་དཀར་པོ། བྱ་བའི་མཐའ་དཀར་བ་ཞེས་པ་ལྟ་བུ་བཞིན། འཁྲུངས་དཀར་ཡང་འཁྲུངས་པའི་ཉིན་མོ་དེ་སྐབས་རྟགས་དང་ལྟས་བཟང་པོའི་ཡིན་པས་ དཀར་ ཟེར་བའི་ཚིག་གི་ཐ་སྙད་དེ་སྤྱོད་པ་ཞིག་རེད།
དེ་བཞིན་སྐར་ཟེར་བ་མིང་བརྡ་དེའི་དོན་ནི། 1. ནམ་མཁའི་དབྱིངས་ནས་འོད་ཁྲ་ལམ་ལམ་དུ་འབྱིན་ཞིང་འཕྲོ་བའི་སྐར་མ་སྟེ།   (དཔེར་ན།) ཉི་ཟླ་སྐར་གསུམ་དུས་མཉམ་མཐོང༌ལྟ་བུ་ནི། སྤྱི་འཇིག་རྟེན་དང་བོད་པའི་ལུགས་ཀྱི་ནང་འོད་འཚེར་འཚེར་ཅན་གྱི་རྒྱུ་སྐར་རྣམས་ནི་རྟགས་དང་རྟེན་འབྲེལ་ཆེད་བེད་སྤྱོད་གཏོང་སྲོལ་ཡོད་པ་གཅིག་དང། སྐར་གཞན་ཞིག་ནི་དུས་ཚོད་ལ་ཡང་གོ་ནུས་པ་ཡོད། བོད་པའི་ཁ་དཔེ་ནང་། གཟའ་དང་སྐར་མ་དེ་དང་དེཟེར་སྲོལ་ཡོད། གང་ལྟར་དཀར་’’སྐྱེས་ཚེས་དེའི་ཉིན་མོ་སྐབས་ལ་རྟེན་འབྲེལ་མཚོན་བྱེད་ཚིག་དེ་རིགས་སྤྱོད་པ་ཡོད།

མདོན་ར་དཀར་དང་སྐར་དབར་ལ་དག་ཆ་དང་དོན་ཕྲན་བུའི་ཁྱད་པར་དང། སྐབས་སུ་བབས་པའི་མཚོན་དོན་ངོ་བོ་ནི་གཅིག་ལྟར་རྟེན་འབྲེལ་བཟང་པོ་ཞིག་མཚོན་པ་ཁོ་ན་རེད་འདུག་སྙམ།
ཡིན་ཡང་བཙན་བྱོལ་ནས་བཟོས་པའི་སྨོན་ལམ་ཚིག་མཛོད་ཆེན་མོ་ནང་འཁྲུངས་དཀར་སྐབས་དཀར་མ་གཏོགས་སྐར་འབྲི་མེད་པ་དང། སྐྱེས་སྐར་སྐབས་སྐར་ལས་དཀར་མེད་པ་ནི་བསམ་བློ་ཞིབ་བཤེར་གཏོང་ན་དེར་དགོས་པ་མ་གཟིགས་ནས་ཡིན་སྲིད་འདུག་ཀྱང། དོན་དངོས་སུ་དཀར་དང་སྐར་བེད་སྤྱོད་དུ་འཇུག་སྐབས་ཁྱད་པར་མེད་པར་སྙམ། [ད་དུང་དཔྱད་པ་བྱོས]
དེ་དང་འདྲ་བའི་ཐ་སྙད་གཞན་ཞིག་ནི། གཞིས་ཀྱི་བོད་རིགས་ཙམ་མ་གཏོགས་བཙན་བྱོལ་བོད་མི་རྣམས་ཀྱིས་ཉུང་ཤས་བེད་སྤྱོད་བྱེད་བཞིན་པའི་མིང་ཚིག་དེ་དང་འབྲེལ་བ་ནི། བཙས་སྐར་དང། བཙས་སྟོན་དེ་ཡིན།  བཙས་སྐར་དང་བཙས་སྟོན་ཟེར་བ་དེ་ནང་ནས། བཙས་སྟོན་བཞིན  ཞོ་སྟོན་དང། དགའ་སྟོན། ལོ་སྟོན་སོགས་འདྲ་མཚུངས་ཤིང།
 སྤྱིར་བཙས་ཟེར་བ་དེའི་གོ་དོན་ནི།  (བྱེད་མེད་ལས་ཚིག་སྟེ་) བཙའ་བའི་དུས་འདས་པ ་དང་།    (ཚིག་དོན་དཔེར་བརྗོད་དུ་  བྱིས་པ་བཙས་རྗེས་ངལ་གསོ་བྱེད་ལྟ་བུ། ནི་བྱིས་པའི་སྐྱེས་སྐར་ཁོ་ན་འབྲེལ་བ་ཡོད་པའི་མིང་ཚིག་ཐ་སྙད་ཅིག་ཡིན།  དེ་ཡང་། སྟོན་ཟེར་བ་དེ་ནི།. ལམ་སྟོན་སོགས་ཚིག་དོན་ཡོད་ན་ཡང། སྐབས་དོན་དང་མཚུངས་པ་ལྟར་ན། །   སྟོན་མོ་ཞེས་པའི་མིང་བསྡུས་པ།  མགྲོན་པོ་ལ་བཟའ་བཏུང་གིས་སྣེ་ལེན་བྱེད་པའི་བྱ་བའི་མིང་སྟེ།      (དཔེར་ན།) ལོ་གསར་སྟོན་མོ། རྒྱལ་ཚུགས་དུས་ཆེན་གྱི་སྟོན་མོ་ཞེས་པ་ལྟ་བུ།  མིང་བསྡུས་ན་སྟོན་ཞེས་འབྲི་ཆོག་སྟེ།    (དཔེར་ན།)   དགའ་སྟོན། ལོ་སྟོན་ཞེས་པ་ལྟ་བུ། བཞིན་བྱིས་པ་བཙས་སྐབས་དང་འདས་པའི་སྐྱེས་ཚེས་དུས་སྐབས་རྟེན་འབྲེལ་སྣེ་ལེན་ཚུལ་དུ་། བཙས་སྟོན་བཏགས་ཡོད་སྲིད་པ་འདུག་སྙམ། སྤྱིར་བཙས་སྟོན་དང་བཙས་སྐར་ཟེར་བ་བོད་ནང་དུ་ཡོངས་ཁྱབ་ཆགས་དང་མཚན་གནས་ཅན་གྱི་མིང་བརྡ་ཞིག་ཡིན།
སྤྱིར་ འཁྲུངས་དཀར་དང་སྐྱེས་སྐར་ བཙས་སྐར་ཟེར་བ་དེ་མིང་ཚིག་གོ་གནས་དང་བེད་སྤྱོད་གཏོང་སྟངས་ཐོག་རགས་ཙམ་གླེང་བ་ཡིན་ན།  དེང་སང་གི་དུས་སྐབས་སུ་བྱེ་བྲག་ཐམས་ཅད་ཐུན་མོང་དུ་འཇུག་པའི་མིང་ཚིག་ཅིག་བཟོས་ཡོད་ན་ཡང་། དངོས་ཡོད་དུ་ འཁྲུངས་དཀར་ཟེར་བ་ མིང་བརྡ་དེ་ཞེ་སའི་མིང་ཚིག་མོས་གུས་དང་ལྡན་པའི་མིང་ཚིག་སྤྱོད་ཡོད་པ་དང། ཆེ་མཐོང་དང་ཆ་འཛིན་ཅན་ལ་བེད་སྤྱོད་བཏང་ཡོད་པ་དང། སྤྱི་ཚོགས་ཐོག་ཆེ་མཐོང་དང་འོས་བབས་དགོས་པའི་མིང་ཚིག་ཅིག་ཆགས་ཡོད། དཔེར་ན། སངས་རྒྱས་ཀྱི་འཁྲུངས་རབས་རྣམ་ཐར་དུ། སངས་རྒྱས་ཀྱི་འཁྲུངས་ལོ། འཁྲུངས་ཚེས། འཁྲུངས་ཡུལ། ལྟ་བུའི་གཙོ་འཛིན་ལྟར། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་དཀར།  པན་ཆེན་རིན་པོ་ཆེའི་འཁྲུངས་དཀར། རྒྱལ་དབང་རྐརྨ་དཔའི་འཁྲུངས་དཀར་སོགས་མཚན་སྙན་ལྡན་པའི་བླ་སྤྲུལ་དཔོན་རིགས་སོགས་ལ་བེད་སྤྱོད་ཡོད་པ་མ་གཏོགས་དེང་སང་གི་མི་ཕལ་པའི་རང་དབང་ཐོག་བེད་སྤྱོད་བྱེད་པ་དེ་ནི་ཀུན་ནས་མི་འཚམ་པ་རེད་ལ། ད་དུང་ངས་བསམ་ཚུལ་ཞིག་བརྗོད་ན་ཡབ་ཡུམ་མིང་འོས་ལྡན་པའི་བྱིས་པ་སྙན་གྲགས་ཅན་ལ་ཐོབ་འོས་པ་རེད་སྙམ་པ་འདུག
.སྐྱེས་སྐར་དང་བཙས་སྐར་ཡང་ན་བཙས་སྟོན་ནི།    བྱིས་པ་སྐྱེས་དུས་ཀྱི་ཚེས་གྲངས་གང་ཡིན་པ་དེར་འཁེལ་བའི་ཉིན་མོ་ཞིག་ཡིན་པས།   (དཔེར་ན།) གྲོ་སྐྱེས་ནས་སྙེ་མ་ཐོན། རྩྭ་སྐྱེས་ནས་འབྲས་བུ་ཐོགས་ལྟ་བུ།  མ་ནས་བྱིས་པ་སྐྱེས་ཡང་ན་བཙས་ཟེར་བ་མཚུངས་སྟེ།   དེ་ཡང་འཇིག་རྟེན་མཐུན་མོང་བ་མི་ཕལ་བ་རྣམས་ཀྱི་སྐྱེས་དུས་ཀྱི་ཚེས་གྲངས་ལ་དགའ་བསུ་རྟེན་འབྲེལ་ཕྱིར་དུ་ཐ་སྙད་ཅིག་ཏེ།  སེར་སྐྱ་མི་དམངས་རྣམས་ལ་མིང་བརྡ་དེ་རང་འོས་ཤིང་འཚམས་པ་ཡོད་པ་དང་དེ་རང་ལ་ཁྱད་པར་གང་ཡང་མེད། ང་ཚོས་རྒྱུན་དུ་ བློ་ཁོག་དང་ཧམ་སེམས་ཆེན་པོའི་ངང་འཁྲུངས་དཀར་སྤྱོད་ན་མི་འཚམ་པ། མོ་འོས་པ་མཐོང་། ད་དུང་སོ་སོའི་སྐྱེས་སྐར་ལ་རང་ཉིད་ཀྱིས་འདི་རིང་ངསའི་འཁྲུངས་དཀར་ཟེར་ན་མི་འཚམ་ལ་། གཞན་གང་རུང་ལ་རང་མོས་ལྟར་འཁྲུངས་དཀར་ཟེར་མི་ཆོག་པས།མིའི་མཚན་གནས་དང་ཞིབ་དགོས་པ་སྙམ་པའོ།
རིགས་ཀྱི་བུ་བཟང་གིས་རང་ཉིད་སྐྱེས་སྐར་སྐབས་སྟོང་མིན་ཙམ་གྱི་རིག་པའི་དཔྱད་གཞི་ཕྲ་མོ་མ་གཏོགས་གཞུང་ལུགས་བྱེ་བྲག་གི་ལུང་འདྲེན་མེད་པའི་ངང་ནས་ནོར་འཛོལ་ཅི་རིགས་ལ་དགོངས་གསལ་གནང་རོགས།








No comments:

Post a Comment