Thursday, 2 April 2015



བདེན་པ་ཡིན་ནམ་མིན་ནམ།
                 རིགས་ཀྱི་བུ་བཟང

ད་ལྟ་འཛིན་གྲྭ་ནང་དུ་འཇུག་ལ་བསྡད་ཀྱང།།
མ་འོངས་དཀྱིལ་འཁོར་ཐོག་ཏུ་འགོ་ལ་བཞུགས་འདོད།།
འདས་པའི་སྤྱི་ཚོགས་ཁྲོད་དུ་ཕྱིར་མིག་བལྟས་སྐབས།།
འཆར་སྣང་དེ་དངོས་བྱུང་བ་བདེན་པ་ཡིན་ནམ།།

ཡིག་རྒྱུགས་ཨང་རིམ་རྩེ་ལ་དགའ་བ་ཡིན་ཀྱང།།
ཤེས་ཡོན་ཆུ་ཚད་དམན་ན་སྡུག་པ་ཡིན་མཆིས།།
ད་ལྟ་མི་ཚོགས་ངོགས་སུ་ཞིབ་བལྟ་དཔྱད་སྐབས།།
བཤད་པ་དེ་འདྲ་འགའ་རེ་བདེན་པ་མིན་ནམ།།

ཕྱི་རུ་རྒྱུ་ནོར་མང་ན་མཐུན་རྐྱེན་ཚོགས་ཀྱང།།
ནང་དུ་ཤེས་ཡོན་ཉུང་ན་ཆག་སྒོ་ཡིན་རེད།།
འབྱུང་འགྱུར་མི་ཚེ་དོན་དུ་སློབ་ཁྲིད་དེ་དག
སློབ་གསོ་སྦྱིན་མཁན་རྣམས་ནི་བདེན་པ་ཡིན་ནམ།།
 

འདི་རིང་ལུས་པོ་སྐྱིད་ན་རྟེན་འབྲེལ་ལེགས་ཀྱང།།
སང་ཉིན་སེམས་པ་སྡུག་ན་ལས་འབྲས་སྙམ་ན།།
མི་ཚེ་འདུན་ལམ་ཐོག་ཏུ་ངེས་དགོས་དེ་རིགས།།
འབྱུང་འགྱུར་སྐྱིད་པོ་ཡོང་ཕྱིར་བདེན་པ་མིན་ནམ།།

མདང་གོང་རང་དབང་ཡོད་པ་བཟང་པོ་ཡིན་ན།།
འདི་རིང་བཙན་དབང་ཤོར་སྐབས་སྡུག་པོ་བསམ་ན།།
འགྱུར་ལྡོག་ཟུང་འབྲེལ་དག་གི་མི་ཚེ་དེ་རང།།
གཟབ་གཟབ་སེམས་སྐུལ་དེ་ནི་བདེན་པ་ཡིན་ནམ།།

མི་ཚེ་ཆེ་འབྲིང་ཆུང་གསུམ་གཅིག་པོ་དེ་ནི།།
སྐྱིད་སྡུག་སྣ་གཉིས་འདྲ་བའི་འགྱུར་ལྡོག་ཆ་ཚང།།
འཇིག་རྟེན་བདེན་པ་ཡོངས་ལ་བསམ་ཞིབ་རྣོན་ནས།།
དོན་ལ་རེ་རེར་འཛེམ་ནས་ལག་ལེན་རིག་ཅིག
         ༢༠༡༥།༤།༢ཉིན་འཛིན་ཁང་ནང་དུ།

No comments:

Post a Comment