Tuesday, 21 April 2015

བྱིས་པ་ལ་ཕ་མས་བོད་པའི་གནས་ཚུལ་ལམ་སྟོན་དང། གཞི་རིམ་སློབ་ཕྲུག་ལ་དགེ་རྒན་གྱིས་ཆབ་སྲིད་ཀྱི་ལམ་སྟོན་གནང་དགོས།
                           ཡེ་ཤེས་བསྟན་འཛིན།
འདི་རིང་ངས་གཞི་རིམ་སློབ་གྲྭ་ནང་ལ་ཆབ་སྲིད་ཀྱི་ལམ་སྟོན་སློབ་དགོས་ཀྱི་འདུག་ཟེར་སྐབས་ཁྱེད་རྣམས་ཡ་མཚན་སྐྱེ་སྲིད། ཡིན་ཡང་ད་ལྟའི་གླེང་བཞིན་པའི་ཆབ་སྲིད་ཀྱི་ལམ་སྟོན་ནི་བོད་པའི་འབྱུང་རབས་དང། ལྷག་པར་ད་ལྟའི་སྐབས་སུ་གནད་དོན་དང་འབྲེལ་བ་ཡོད་པས། དེ་ཐོག་ཤེས་རྒྱུད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད་རྒྱུན་དུ་དྲན་གྱི་ཡོད་པས། དྲན་གསོ་ཚུལ་དུ་ཐུང་ཐུང་ཞིག་བྲིས་པ་ཡིན།
སྤྱིར་བཙན་བྱོལ་ནང་ཡོད་པའི་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་དེའི་རྒྱལ་ཁབ་སྲིད་སྐྱོང་བ་རྣམས་དང་མི་མང་རྣམས་ཀྱི་དམིགས་ཡུལ་ནི་རྒྱལ་ཁབ་རང་དབང་ལྡན་མཁན་དང་ཁ་ཁ་ཡོད་དགོས། རྒྱལ་ཁབ་འཛུགས་བསྐྲུན་བྱེད་མཁན་ནི་འདི་རིང་སྐྱེས་པའི་བྱིས་པ་ནས་སང་ཉིན་འཆི་རྒྱུ་ཡིན་པའི་རྒན་གོག་ལ་འགན་འཁྲིད་ཡོད་པ་ནི་བཤད་མི་དགོས་པ་རེད། ལྷག་པར་དུ་བྱིས་པ་དང་སློབ་ཕྲུག། གཞོན་སྐྱེས་རྣམས་མི་ཚེ་འཚོ་རྒྱུ་མང་བས་འགན་དབང་ལྕི་བོ་ཡོད་པ་ནི་ཁ་གསལ་གཏིང་གསལ་རེད །
ཕ་མ་རྣམས་ཀྱིས་བྱིས་པ་ཆུང་དུས་ནས་བོད་ཀྱི་ཡུལ་ལུང་སྐོར་དང་གནའ་རབས་རབས་ཀྱི་སྒྲུང་སོགས་འདོད་བློ་དཔག་པའི་སྒྲུང་འཆད་དགོས་པ་ནི་ཆེས་གལ་འགངས་ཡིན་པ་དྲན་གྱི་ཡོད། གང་ཡིན་ཟེར་ན་བྱིས་པ་ཆུང་དུས་སྐབས་བསམ་བློ་གཏོང་རྒྱུ་དང་དྲི་བ་གཏོང་རྒྱུ་ཧ་ཅང་དགའ་བོ་རེད། དེའི་བྱིས་པའི་བློའི་ནང་བོད་དང་བོད་མི་ཞིག་ཡིན་པ་ཤུལ་བཞག་གི་ཡོད་པས་དེ་འདྲ་བྱུང་བ་ཡིན་ན་མ་འོངས་པར་མི་རིགས་ཀྱི་ཤྭ་ཞེན་དང་འཛུགས་བསྐྲུན་བྱ་མཁན་་གྱི་མི་ཞིག་འགྱུར་ཐུབ། 

དཔེར་ན། ཕ་མས་གངས་རིའི་སྐོར་བཤད་པ་ཡིན་ན། དེ་འཐུད་ནས”གངས་རི་”ཅེས་ཚིག་འབྲུ་གཉིས་འབྲེལ་ཏེ་བོད་སྐོར་གནས་ཚུལ་རིམ་པའི་ཡོང་རྒྱུ་དང་བྱིས་པའི་བློ་ནང་དྲི་བ་ཧ་ཅང་མང་པོ་འཆར་བ་དང། གནས་ཚུལ་མང་པོ་ཞིག་ཤེས་རྒྱུ་ནི་རང་བཞིན་རེད།
དེང་སང་གི་དུས་ལ་ཕ་མ་རྣམས་ཀྱི་བོད་དང་བོད་པའི་ལུགས་སྲོལ་འབྲེལ་ཡོད་སྒྲུང་སོགས་འཆད་རྒྱུ་དཀོན་པོ་མཐོང་གི་འདུག་པས། ལམ་སྲོལ་དེ་མི་ཉམས་གོང་འཕེལ་གནང་བའི་རེ་འདུན་ཅི་ནས་ཞུ།
ད་དུང་གཞི་རིམ་སློབ་གྲྭ་ནང་ལ་བོད་པའི་གནས་ལུགས་ཐོག་སློབ་ཁྲིད་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་མཐོང་གི་ཡོད། སྤྱིར་སྒྲིག་བཙུགས་ཀྱི་གཏན་བེབས་བྱས་པའི་སློབ་ཚན་ལ་རྩ་འཛིན་བྱེད་དགོས་རྒྱུ་ནི་གལ་ཆེན་པོ་ཡིན་ན་ཡང། ཞོར་དུ་སློབ་ཚན་ནང་ཡོད་པའི་བོད་པའི་འབྱུང་རབས་དང། བརྡ་སྤྲོད། རྩོམ་རིགས་ཙམ་མ་ཡིན་པ། ད་ལྟའི་སྐབས་བབ་ཀྱི་བོད་ནང་གི་གནས་སྟངས་རང་ལུས་མེར་སྲེགས་དང། རྒྱ་ཡི་གནས་བབ་དང་ལྟ་གྲུབ། བཙན་བྱོལ་སྒྲིག་བཙུགས་ཀྱི་གནས་བབ། གཞིས་ནང་ལ་བོད་མི་རྣམས་ཀྱི་མངོན་འདོད་དང་གནས་བབ། རྒྱལ་སྤྱིའི་ནང་བོད་ལ་ལྟ་ཚུལ་དང་རྒྱ་ལ་ལྟ་ཚུལ། སོགས་ཀྱི་ཐོག་ལ་དགེ་རྒན་རང་ཉིད་དེ་ཐོག་གང་ཤེས་པ་རྣམས་སློབ་མ་རྣམས་ཁ་གསལ་གཏིང་གསལ་ངང་སློབ་ཁྲིད་བྱེད་དགོས་རེད། ད་ལྟའི་གཞི་རིམ་སློབ་མ་དང་གཞོན་སྐྱེས་མང་དག་ལ་དེ་འདྲའི་ཐོག་གོ་རྟོགས་ཧ་ཅང་ཞན་པོ་ཆགས་ཡོད་པས། གཞི་རིམ་སློབ་གྲ་ཁག་ནང་ལ་དེ་རིགས་ལམ་སྟོན་གནང་གི་ཡོད་ན་ཡང་འཇུག་སྐྱོང་ཡོང་བའི་རེ་བ་ཅི་ནས་ཞུ།
ལ་ལས་སློབ་མ་རྣམས་ལ་སློབ་ཚན་ལྷན་དུ་ཆབ་སྲིད་གོ་རྟོགས་སྤེལ་བ་ཡིན་ན་ཤེས་ཡོན་ལ་གནོད་ཚབས་འབྱུང་གི་རེད་ཟེར་མཁན་ཡོད་ཀྱང་ངའི་དེ་ལ་ནམ་ཡང་ཡིད་ཆེས་མེད་ལ། ད་དུང་ཤེས་རིག་ལ་ཕན་ཐོགས་ཡོང་རྒྱུ་ཡོད་པ་ནི་དཔྱད་རྩོམ་མི་དགོས་པའི་བརྗོད་གཞི་ཡིན།
ལྷག་པར་དུ་བྱིས་པ་དང་སློབ་མ་རྣམས་ལ་ཕ་མ་དང་དགེ་རྒན་རྣམས་ཀྱིས་དོན་དམ་གྱི་སྤྱི་ཚོགས་གནས་སྟངས་ལ་འགྲེལ་བརྗོད་བྱ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། སོ་སོ་རང་ཉིད་ཀྱི་ལྟ་གྲུབ་དང། ཚོགས་པ་དང་མི་སྒེར་གྱི་ལྟ་གྲུབ་གཙོ་བོ་གཞི་ལ་བཅངས་ནས་འགྲེལ་བརྗོད་གཡོ་སྐུལ་བྱེད་པ་ཡིན་ན་ནོར་འཁྲུལ་རེད། སློབ་མ་རང་ཉིད་ཀྱི་བསམ་པའི་དཔྱད་གཞི་ལ་རང་དབང་དགོས་པ་ནི་ཐོག་མའི་མཁོ་དགོས་ཡིན་ལ། དེ་དང་འབྲེལ་ཡོད་ཀྱི་ཐག་ཆོད་ནི་རང་དབང་བཟང་ཤོས་ཤིག་ཡིན།
བྱིས་པ་དང་སློབ་མ་རྣམས་ལ་ཆབ་སྲིད་ཀྱི་གནས་ལུགས་སོགས་འགྲེལ་བརྗོད་བྱེད་པ་ཡིན་ན་བོད་པའི་བོད་ཕྲུག་རྣམས་སོ་སོའི་རྒྱལ་ཁབ་ཀྱི་གནས་བབ་རྟོགས་ནས་ཤ་ཞེན་ཇེ་ཆེར་འགྲོ་བ་དང་། བོད་པའི་སྤྱི་ཚོགས་ནང་ལ་ཞབས་ཞུ་བྱ་འདོད་འབྱུང་བ། ལྷག་པར་དུ་ཞིང་ལ་ས་བོན་འདེབས་པའི་རྒྱུ་བཞིན་མ་འོངས་དམིགས་དཔེ་ཡོད་པའི་གཞོན་སྐྱེས་མང་པོ་ཞིག་ཐོན་སྲིང་གི་འབྲས་བུ་གཡུར་དུ་ཟ་བ་འབྱུང་རྒྱུ་ནི་གཏན་འཁེལ་ཡིན།
                   ཡེ་ཤེས་བསྟན་འཛིན།
               



No comments:

Post a Comment