Friday, 31 July 2015

Buckwheat བྲ་བོ་དང་བྲའོ།




                                   Buckwheat བྲ་བོ་དང་བྲའོ།


 ཐོག་མར་མེ་ཏོག་བཞད་པ།          གང་མཚམས་ནས་སོན་སྐྱ་སེར།       ཐ་མ་སྨུག་ནག་ཏུ་འགྱུར།

བྲ་བོ་ཡང་ན་བྲའོ་ཞེས་པ་ང་རང་བྱིས་པ་སྣ་ལུད་གོག་སྐབས་རྒྱ་གར་གྱི་ཐ་སྙད་ཅིག་རེད་བསམ་གྱི་ཡོད།  གང་ཡིན་ཟེར་ན་རྒྱ་གར་གཡོག་པོ་འགྲམ་ནས་མི་མང་པོ་གོ་བའི་བག་ཆགས་ཡིན་ས་འདུག ཡིན་ཡང་བོད་ཕྱི་ནང་གི་ཚིག་མཛོད་དང་མི་རྒན་རབས་རྣམས་ལ་དྲིས་སྐབས་དེ་ནི་བོད་སྐད་གཙང་མ་ཞིག་ཡིན་པ་དང་འབྲས་བུ་དེ་མཚོན་མདོག་སྨུག་ནག་དབང་གིས་མིང་ཐོབ་པ་ཞིག་རེད་འདུག། དཔེར་ན། བོད་དུ་རྟ་བྲ་བོ། ཟེར་སྲོལ་ཡོད་པ་རྟ་སྨུག་ནག་རྣམས་ལ་འབོད་སྲོལ་ཡོད་པས། དེ་བཞིན་མཚོན་ སྨུག་ནག་ཡིན་པར་མི་ཐོབ།བྲའོ་ཡང་ན་བྲ་བོ་ཟེར་བ་དེ་སྒྲ་ཅུང་མི་འདྲ་ཡང་དོན་གཅིག་དང་ འབྲི་སྟངས་ཀྱི་ཁྱད་པར་མཆིས།
སོང་ཙང་བོད་སྐད་ཀྱི་ཐ་སྙད་གནད་ཆེ་བ་ཞིག་རེད་འདུག་སྟོན་ཏོག་དེ་བོད་ཀྱི་གནའ་རབས་ཀྱི་སྟོན་རིགས་ཐུན་མོང་མ་ཡིན་པ་ཞིག་རེད། ཐོག་མར་མཛེས་སྡུག་ངོ་མཚར་ཆེ་བའི་མེ་ཏོག་གི་ངང་ནས་འབྲས་བུ་བཞད་པ་དང། བར་དུ་ཟླ་གཅིག་ཙམ་རྗེས་ལ་སོན་འབྲུ་སྐྱ་སེར་ངོམས་ཚར་ཅན་དུ་འགྱུར། མཐའ་མར་བཙས་མ་རྔ་སྐབས་འབྲས་བུ་ནག་རིལ་ཟུར་གསུམ་ཅན་ཆགས། དེ་དཔེ་རྒྱུན་ནང་ཕོ་རོག་འཕེལ་བསྐྱེད་ འགྲོ་སྟངས་བཞིན་དཀར་པོ་ནས་ནག་སྨུག་དང་མཛེས་པོ་ནས་ཇེ་སྡུག་ཏུ་སོང་ན་ ཡང་ཡ་མཚན་སྐྱེས་དགོས་པ་གང་ཡང་མེད། སྟོན་རིགས་འདི་ནི་འབྲས་བུ་ག་ཚོད་ཕྱི་ལ་ནག་ཀྱང་ནང་ལ་དཀར་བཞིན། འབྲས་བུའི་ཕན་རླབས་འཇལ་དུ་མེད་པ་ཞིག་རེད།
བྲའོ་ཞེས་པ་དེ་རྒྱ་གར་ནང་ལ་དེ་ཙམ་གྱི་འདེབས་མཁན་མེད། ཡིན་ཡང་ང་རང་སྡོད་་སའི་ས་ཆ་chattis garh ནང་གི་མན་པཊ་ས་གནས་རྒྱ་གར་ཞིང་པ་རྣམས་ཀྱིས་ཕྱི་ཟླ་བརྒྱད་པ་དང་དགུ་པ་མཚམས་སུ་འདེབས་ཀྱི་འདུག ངས་དེ་ཐོག་བསམ་བློ་ཞིབ་བལྟ་གཏོང་ན་སྟོན་ཏོག་དེ་སྔོན་ལ་རྒྱ་གར་ནང་ལ་མེད་པ་འདྲ། ང་ཚོ་བོད་པ་རྣམས་ཕྱི་ལོ་༡༩༥༩ལོར་བཙན་བྱོལ་དུ་འབྱོར་ནས་རྒྱ་གར་ལ་རྔན་པ་ཚུལ་དུ་རྒྱ་གར་ནང་དུ་ཐོག་མར་སྟོན་ཏོག་དེ་གང་ཙམ་འཕེལ་བསྐྱེད་བྱས་ཡོད་པ་འདྲ་འདུག གང་ཡིན་ཟེར་ན་སྟོན་ཏོག་དེ་ཨེ་ཤེ་ཡ་ཤར་ཕྱོགས་སུ་ཕོན་ཆེན་པོ་འདེབས་ཚུལ་ཡོད། ལྷག་པར་བོད་ནི་རི་མཐོ་བ་དང། ས་འགྲིགས་པ་རྐྱེན། ཡུལ་ཕྱོགས་གཞན་ཁག་ལས་བོད་ནང་མང་ཤོས་དང་ཐོན་བསྐྱེདབཟང་ཤོས་ཡིན་པ་ནི་དཔྱད་ རྩོམ་མང་པོ་ཞིག་བཀླགས་ནས་དྲངས་པ་ཡིན།ཡིན་ཡང་རྒྱ་གར་ནང་འདེབས་སྲོལ་ཡོད་པ་ཡིག་ཆ་ཁག་ནང་གཅིག་ཀྱང་མཐོང་ཡ་མི་འདུག


ཉམས་མྱོང་ཐོག་ནས་སྐད་ཆ་འགའ་རེ་ཞིག་གླེང་ན།
 
དེ་སྔོན་ལོ་གྲངས་མང་པོ་སྔོན་ནས་་གཞིས་ཆགས་སུ་ཡུལ་འཁོར་སྤྲོ་འཆམས་པ་རྣམས་མན་ པཊ་རླུང་བསིལ་དང་ནག་ཀློང་རོལ་ཀ་སླེབས་སྐབས་རྒྱ་གར་སྤྲོ་འཆམས་པ་རྣམས་ཀྱིས་ ལམ་གཡས་གཡོན་ལ་ཡོད་པའི་བྲའོ་མེ་ཏོག་བཞད་སྐབས་མཛེས་སྡུག་གིས་དབང་ལ་ཤོར་ ནས་རང་འགུལ་ཉེ་འགྲམ་དུ་མེ་ཏོག་ལག་པ་འཇུ་ཙམ་བྱས་ནས་པར་ལེན་མཁན་དང་། ལ་ལའི་མེ་ཏོག་མ་འཛིན་ན་ཡང་མེ་ཏོག་གསེབ་ཏུ་གཉིད་ཉལ་ཁུལ། མདོར་ན་སྟོན་རིགས་དེ་མཐོང་མ་ཐག་ཏུ་ཡ་མཚན་སྐྱེས་མཁན་ཉུང་ཉུང་ནམ་ཡང་ཡིན་མི་སྲིད མོ་ཊ་ནས་ཕྱིར་མ་འདོན་མཁན་རྣམས་ནི་མིག་འུག་པ་ལས་ཆེ་བ་གཅེར་ན་ཕལ་ཆེར་ཁོང་ རྣམས་སྟོན་ཏོག་དེ་མཐོང་བ་དང་པོ་ཡིན་པ་ཡང་ན་གསང་བ་ཞིག་ཡོད་པ་ཨ་ན་མ་ན་རེད།
གཉིས་པ། ལོ་གང་མཚམས་ནས་ཡུལ་འཁོར་སྤྲོ་འཆམས་པ་རྣམས་པར་རྒྱག་རྒྱུ་ཙམ་མ་ཡིན་པ། སྟོན་ཐོག་གི་མིང་དང། འབྲས་བུའི་མདོག་དང་དབྱིབས། དེ་ཟ་ན་ཕན་ཡོན། ཟ་རིགས་གང་གྲུབ་ནུས་པ་སོགས་དྲི་རྕད་བྱས་ཀྱི་རེད། དེ་སྐབས་ང་ཚོ་བོད་པ་དང་རྒྱ་གར་བ་རྣམས་ཀྱང་དངུལ་དང་འབྲེལ་ཡོད་ཚོང་བྱས་བ་ལས་ ལོངས་སུ་སྤྱོད་མཁན་རེ་གཉིས་ལས་མེད། ད་ལྟ་བསམ་ཞིབ་བྱས་ན་ང་ཚོ་ལྐུག་པ་ཡིན་པ་རེད།
གསུམ་པ། དེང་སང་དུས་སུ་ཕྱིའི་ཡུལ་མི་སྤྲོ་འཆམས་པ་རྒྱ་གར་བ་དང། ཕྱི་རྒྱལ་གནས་སྡོད་དང་མངའ་སྡེ་གཞན་ནས་བོད་པ། ཡུལ་མི་རྒྱ་གར་བ་དང་བོད་པ་ཡོངས་ཀྱིས་བྲ་བོ་ཟེར་བ་དེ་སྟོན་ཏོག་ཁྱད་པར་ཅན་ ཞིག་ཡིན་པ་ཤེས་ནས་དངུལ་གྱི་རིན་ཐང་ལས་དོན་ཕན་རླབས་ལ་གཟིགས་ནས་ཉོ་མཁན་ཚང་ཀ་ དང། ལག་རྟགས་སུ་འཁྱེར་མཁན་ནི་གྲངས་ལས་འདས་པ་ཡོད་པ། སྟོན་ཏོག་དེ་འདེབས་མཁན་ནི་ཧ་ཅང་མང་དུ་ཕྱིན་ཡོད་པ་ནི་་ཉེ་ཆར་ང་རང་གུང་སེང་སྐབས་ གཞིས་ཆགས་སྡོད་སྒར་དང་པོའི་སྐྱེ་ལྡན་སོ་ནམ་གྱི་བཟོ་གྲྭ་དང་ཆོང་ཁང་ནང་བསྡད་སྐབས་ཉམས་མྱོང་ཁ་གསལ་ཞིག་ཡིན།
སྤྱིར་སྟོན་ཏོག་དེ་ཕན་རླབས་རྒྱ་ཆེར་ཡིན་ན་ཡང་། ལྷག་པར་སྐྲན་ནད་དང། གཅིན་ནད། འབྲས་ནད་སོགས་ནད་རིགས་ཡོངས་ལ་ཕན་གྱི་རེད། ལྷག་པར་ན་གཞོན་ཕོ་མོ་རྣམས་རྒན་ཁོག་ལམ་སེང་མ་འགྱུར་ཆེད་ཕྱིའི་ལུས་པགས་པ་དང། ནང་གི་ན་ཚ། མགོ་ཡི་སྐྲ་ལ་ཕན་ཡོན་ཆེན་པོ་ཡོད།
བྲ་བོ་ཟེར་བ་དེ་ཡི་བག་ལེབ་དང། ཐུག་པ་གཞན་ཡང་རྒྱ་གར་ནང་གི་ཞལ་ལག་རིགས་མང་པོ་ཞིག་བཅུད་ལྡན་ངང་འཟོ་ཐུབ་པ་ ཡོད། དེང་སང་འབྲས་བུ་དེ་ནི་སྦི་རག་བཟོ་བྱེད་འབྲུ་རིགས་གཙོ་བོ་ཡིན་པས། ཚོང་ལས་ཀྱི་སྡེ་ཚན་རྒྱ་ཆེར་ཕྱིན་ཡོད་པ་དང། གོང་ཚད་ཀྱང་ལོ་ནས་ལོ་ཇེ་མང་ཇེ་མང་འགྲོ་བཞིན་ཡོད།
དེ་ནས་འཕྲོས་ན། རྒྱ་གར་ནས་དབྱིན་ཇི་བོད་ནང་ཚོང་འབྲེལ་ཆེད་George Bogleགཞི་ཀ་རྩེར་འབྱོར་ནས་བཀྲ་ཤིས་ལྷུན་པོ་དུ་པན་ཆེན་རིན་པོ་ཆེ་མཆོག་དང་ གྲོགས་སུ་འགྱུར་བ་མ་ཟད། བོད་ནང་ཕྱི་ལོ་༡༧༧༤ནང་ཞོག་ཁོག་ཐོག་མར་གསལ་བཤད་གནང་བ་སོགས་བོད་པའི་ལོ་རྒྱུས་ དང་ཨིན་ཇི་སྐད་ཡིག་གི་ལོ་རྒྱུས་ཕྱག་དེབ་དང་དྲ་རྒྱ་ནང་འཁོད་ཡོད། དེ་བཞིན་ང་ཚོ་རྒྱ་གར་ནང་དུ་ཚོང་འབྲེལ་ཆེད་མེད་ན་ཡང། ང་ཚོ་རྒྱ་གར་ཡུལ་མི་དང་གྲོགས་སུ་འགྱུར། དེ་ནས་ཕྱི་ལོ་༡༥༩་ཡང་ན་༡༩༦༠ ནང་བྲའོ་ཞེས་པ་དེ་ཐོག་མར་གསལ་བཤད་བྱས་ཡོད། ངས་བྱེད་ན་དེ་ཡང་ཕྱི་ལོ་༡༩༦༠ནང་ལ་རན་པ་འདུག གང་ཡིན་ཟེར་ན་བོད་མི་རྣམས་བཙན་བྱོལ་དུ་འབྱོར་མ་ཐག་གནམ་གཤིས་སོགས་ཀྱི་འཚོ་བ་དཀའ་སྡུག་ཐུག་ཡོད་པར་ལམ་སེང་ཞིང་འདེབས་སོགས་ན་བཞུག་མི་སྲིད། སོང་ཙང་ལོ་གཅིག་རྗེས་སུ་བརྩི་ན་བཟང་བ་འདུག་སྙམ། ཐོག་མར་མི་བྱེ་བྲག་ཅིག་གིས་གསོལ་གཏོད་པ་རེད་ཟེར་ཐུབ་ན་ལེགས་ཀྱང་དེ་མེད་ན་སྤྱིར་བོད་མི་རྣམས་ཀྱིས་གསོལ་གཏོད་པ་རེད་ཟེར་ན་ཡང་ཆོག གང་ལྟར་དེ་ཐོག་དཔྱད་པ་གང་ལེགས་བྱེད་ནས་ངེས་པར་མ་འོངས་པ་ལོ་རྒྱུས་དེབ་ཐེར་ནང་དུ་་ད་ལྟ་ ནས་དེ་འཇོག་ཐབས་བྱེད་དགོས་པ་ནི་གལ་ཆེན་པོ་རེད་སོམས། དོན་དཔྱད་པར་བགྱིད།

No comments:

Post a Comment