བུ་བསྟན་རྡོར་དང་བོུ་བསྟན་སྒྲོལ་གཉིས་བར་གྱི་འཕྲིན་ཡིག
རིགས་ཀྱི་བུ་བཟང་གིས་བྲིས་པ་དགེ།
བུ།
བསྟན་རྡོར།
ཧ་ཅང་མཛེས་མདོག་སྟོན་པའི་བུ་མོ་དེ།།
ཧ་ལམ་མཛེས་ཤོས་ཡིན་པའི་ངོམས་ཟོལ་ལ།།
ཧ་རྒྱག་མི་རྟག་པའི་ཤུན་སྐོགས་དེ་ལ།།
ཧ་ང་དེ་འདྲ་ཧོན་འཐོར་ཅི་ཡང་མེད་ཀྱེ།།
བོུ།
བསྟན་སྒྲོལ།
ཧ་ལས་འཇོ་སྒེག་འཐོབ་པའི་མི་ཚེ་འདི་།།
ཧ་རི་ཙ་དན་བཞིན་དུ་རིན་ཆེན་མཆིས།།
ཧ་ཅང་གཤེ་གཤེ་ཅན་གྱི་ཕོ་གསར་ཁྱོད།།
ཧ་ལས་གང་ཡང་མེད་པའི་ཅོལ་ཅོལ་ཞིག།
བུ།
བསྟན་སྒྲོལ།
ཧ་རེ་ཧོ་རེ་བྱེད་ནས་རྐང་བགྲོད་ལ།།
ཧ་བེ་ཧོ་བེ་ངང་ནས་དབུ་ཐོ་རྡེག།།
ཧ་ཡང་སྟོང་པ་ལྟ་བུའི་ཕྱི་མཛེས་དེ།།
ཧ་ལོ་འགའ་རེ་ཞིག་གིས་ཕྱི་མདོག་ཤོར།།
བོུ།
བསྟན་སྒྲོལ།
ཧེའི་དང་ཧ་ལོ་སྐད་འབོད་གསུམ་གྱིས་མདངས།།་
ཧ་ལམ་ཆུ་སྐྱེས་བུང་བ་འཁོར་བ་ཟོལ།།
ཧ་རི་ཧུ་རི་ཅན་གྱིས་འབྲངས་པ་དེ།།
ཧ་ལམ་བོང་བུ་ཟོལ་གྱི་ཕོ་སར་རྣམས།།
བུ།
བསྟན་རྡོར།
ཧ་ལོ་མེ་ཏོག་མཛེས་སྡུག་ཆེ་ན་ཡང།།
ཧ་ཧ་འདས་སྐབས་ཚང་མ་འདྲ་འདྲ་རེད།།
ཧ་སྐད་དེ་འདྲ་ངོས་ནས་ཁྱེད་ཉིད་ཀྱང།།
ཧ་ལོགས་དགོས་པ་ཉིན་གཅིག་ཉག་ཅིག་ཡོང།།
བོུ།
བསྟན་སྒྲོལ།
ཧ་ནུ་མན་ཐ་ཇི་བཞིན་གཟུགས་བརྙན་དེ།།
ཧ་ཅང་མཚན་ལ་མཐོང་ན་གདོང་འདྲེ་མཚུངས།།
ཧ་ཧ་གད་ནས་ཁྱེད་དང་འགྲན་ཟླ་བྲལ།།
ཧ་ཅང་གཞལ་མེད་ཁང་གི་ལྷ་མོ་ཡིན།
བུ།
བསྟན་རྡོར།
ཧ་ཅང་ཁྱེད་རང་ལྟ་བུ་འཇོ་སྒེག་ཡང།།
ཧ་ཉིད་སད་མ་ཐག་གིས་གཟི་བརྗིད་རེད།།
ཧ་ཡོ་ཁྱེད་རང་ངོམས་པའི་མཛེས་གཟོ་དེ།།
ཧ་ལས་གང་ཡང་མེད་པའི་ཕྱི་པགས་ཅན།།
བོུ།
བསྟན་སྒྲོལ།
ཧ་ནི་ཡོན་ཏན་ཟོལ་གྱི་ཕོ་སར་ཁྱོད།།
ཧ་ཧ་དགོད་བྲོ་བའི་གཏམ་འཆལ་འགའ།།
ཧ་ཅང་སྙིང་པོ་ཡེ་ནས་ཇེ་མང་ཇེ་མང།།
ཧ་གོ་ཉམས་མྱོང་བྲལ་བའི་ཁྱི་ལྡོམ་ཁྱེད།།
བུ།
བསྟན་རྡོར།
ཧ་རྒོད་གདོས་པོ་བཤམ་པའི་མོ་སར་ལགས།།
ཧ་བེ་ཧོ་བེ་བྱེད་ནས་དགའ་བསྐྱོད་ལྡེམ་བཞིན།།
ཧ་ལས་དགོས་པའི་སྙིང་སྡུག་ཅིག་ཕྲད་ཚེ།།
ཧ་ལམ་མི་ཚེ་གང་བསྐྱོད་མིག་ཆུ་ཐིག་ཡོང།།
བོུ།
བསྟན་སྒྲོལ།
ཧ་ཧ་ཧེ་ཧེ་སྟག་ཤར་གཞོན་པ།།
ཧ་ལེན་ཇི་བཞིན་ངས་གཏམ་དེ་བླངས་ཆོག
ཧ་ཅང་བརྩེ་སེམས་ཟོལ་ཚིག་གཏམ་རེ་རེར།།
ཧ་ང་ཁྱེད་རང་ཉིད་ལ་རང་སེམས་མི་ཤོར།།
བུ།
བསྟན་རྡོར།
ཧ་ལམ་དཀར་དམར་བྱུགས་བྱུགས་མང་དྲག་པ།།
ཧ་ལོ་ཤོར་དགོས་པའི་འཁྱམ་བུ་རྣམས་ཀྱིས་།།
ཧ་རེ་ལོང་བ་མཚན་མོའི་མཐོང་འགྱུར་ན།།
ཧ་ལོག་དགོས་པའི་ཚོང་པ་སྟོང་ལྷང་འགྱུར་།།
བོུ།
བསྟན་སྒྲོལ།
ཧ་ལས་བྱུག་བྱུག་མང་ན་གནས་སྐབས་དང།།
ཧ་ཅང་རྒྱས་སྤྲོས་མང་ན་མི་རྟག་བདེན་།།
ཧ་གོ་ངེས་ཅན་དབང་གྱིས་སེམས་འགྲིམས་ནས་།།
ཧ་ཅང་དམ་པའི་ཆོས་ལ་བསྐྱོད་ན་བཟང།།
No comments:
Post a Comment