Friday, 11 December 2015

བུ་བསྟན་རྡོར་དང་བུ་མོ་བསྟན་སྒྲོལ་གཉིས་བར་གྱི་འཕྲིན་ཡིག
བུ། བསྟན་རྡོར།
ཧ་ཅང་མཛེས་མདོག་སྟོན་པའི་བུ་མོ་ཁྱོད།།
ཧ་ལམ་མཛེས་ཤོས་ཡིན་པའི་ངོམས་སོ་ལ།།
ཧ་རྒྱག་མི་རྟག་ཤུན་སྐོགས་དེ་ཉིད་ལ།།
ཧ་ཧ་དེ་འདྲ་ཧོན་འཐོར་ཅི་ཡང་མེད།།

བུ་མོ། བསྟན་སྒྲོལ།
ཧ་ལས་འཇོ་སྒེག་འཐོབ་པའི་མི་ཚེ་འདི་།།
ཧ་རི་ཙན་དན་བཞིན་དུ་རིན་ཐང་མཆིས།།
ཧ་ཅང་གཤེ་གཤེ་ཅན་གྱི་ཕོ་གསར་ཁྱོད།།
ཧ་ལས་གང་ཡང་མེད་པའི་ཅོལ་ཆུང་ཞིག།
བུ། བསྟན་རྡོར།
ཧ་རེ་ཧོ་རེ་བྱེད་ནས་རྐང་བགྲོད་ལ།།
ཧ་བེ་ཧོ་བེ་ངང་ནས་དབུ་རྡོར་ཐུག།
ཧ་ཡང་སྟོང་པ་ལྟ་བུའི་ཕྱི་མཛེས་དེ།།
ཧ་ལོག་རེ་འགའ་ཞིག་གི་སེམས་རྟེན་ཙམ།།
བུ་མོ། བསྟན་སྒྲོལ།
ཧ་ལོ་ཧེ་ནོའི་བསྲེས་སྐད་གླེང་བཞིན་ངང་།།
ཧ་ལམ་ཆུ་སྐྱེས་བུང་བ་འཁོར་བའི་ཟོལ།།
ཧ་རི་ཧུ་རི་ཅན་གྱིས་འབྲངས་པ་དེ།།
ཧ་ལམ་བོང་བུ་ཟོལ་གྱི་ཕོ་སར་རྣམས།།
བུ། བསྟན་རྡོར།
ཧ་ལོའི་མེ་ཏོག་མཛེས་སྡུག་ཆེ་ན་ཡང།།
ཧ་ཧ་ཡུན་རིང་མི་བརྟན་རྡུལ་འགྱུར་ན།།
ཧ་སྐད་དེ་འདྲ་ངོས་ནས་ཁྱེད་ཉིད་ཀྱང།།
ཧ་ལོགས་དགོས་པ་ཉིན་གཅིག་ཡོང་བར་ངེས།།
བུ་མོ། བསྟན་སྒྲོལ།
ཧ་ནུ་མན་ཐ་ཇི་བཞིན་གཟུགས་བརྙན་དེ།།
ཧ་ཅང་མཚན་མུན་མཐོང་ན་གདོང་འདྲེ་མཚུངས།།
ཧ་ཧ་གད་ནས་ཁྱེད་དང་འགྲན་ཟླ་བྲལ།།
ཧ་ཅང་གཞལ་མེད་ཁང་གི་ལྷ་མོ་ཡིན།།
བུ། བསྟན་རྡོར།
ཧ་ཅང་ཁྱེད་རང་ལྟ་བུ་འཇོ་སྒེག་ཀྱང།།
ཧ་ཉིད་སད་མ་ཐག་གི་གཟི་བརྗིད་རེད།།
ཧ་ཡོ་ཁྱེད་རང་ངོམས་པའི་མཛེས་བཟོ་དེ།།
ཧ་ལས་གང་ཡང་མེད་པའི་ཕྱི་པགས་ཙམ།།
བུ་མོ། བསྟན་སྒྲོལ།
ཧ་ནི་ཡོན་ཏན་ཟོལ་གྱི་ཕོ་སར་ཁྱོད།།
ཧ་ཧ་དགོད་ཁ་བྲོ་བའི་གཏམ་འཆལ་འགའ།།
ཧ་ཅང་སྙིང་པོ་ཡེ་ནས་མེད་པ་དག།
ཧ་གོ་ཉམས་མྱོང་བྲལ་བའི་ཁྱི་ལྡོམ་ཁྱེད།།
བུ། བསྟན་རྡོར།
ཧ་རྒོད་གདོས་པོ་བཤམ་པའི་མོ་སར་ལགས།།
ཧ་བེ་ཧོ་བེར་དགའ་མཆོངས་རྒྱབ་དྲག་ན།།
ཧ་ལས་དགོས་པའི་འཆོལ་པ་འཕྲད་སོང་ན།།
ཧ་ལམ་མི་ཚེ་མིག་ཆུས་བསྐྱལ་དགོས་ཡོང་།།
བུ་མོ། བསྟན་སྒྲོལ།
ཧ་ཧ་ཧེ་ཧེ་སྟག་ཤར་གཞོན་པ་ལགས།།
ཧ་ལེན་ཇི་བཞིན་ངས་གཏམ་དེ་བླངས་ཆོག།
ཧ་ཅང་བརྩེ་སེམས་ཟོལ་ཚིག་གཏམ་རེ་རེར།།
ཧ་ང་ཁྱེད་རང་ཉིད་ལ་སེམས་མི་ཤོར།།
བུ། བསྟན་རྡོར།
ཧ་ལམ་དཀར་དམར་བྱུགས་བྱུགས་མང་དྲག་པ།།
ཧ་ལོ་ཤོར་དགོས་འཁྱམ་བུ་རྣམས་ཀྱིས་ནི།།
ཧ་རེ་ལོང་བ་མཚན་མོའི་མཐོང་འགྱུར་ན།།
ཧ་ལོག་དགོས་པའི་ཚོང་པ་སྟོང་ལྷང་འགྱུར་།།
བུ་མོ། བསྟན་སྒྲོལ།
ཧ་ལས་བྱུག་བྱུག་མང་ན་གནས་སྐབས་དང་།།
ཧ་ཅང་རྒྱས་སྤྲོས་མང་ན་མི་རྟག་བདེན།།
ཧ་གོ་ངེས་ཅན་དབང་གྱིས་སེམས་འགྲིམས་ནས།།
ཧ་ཅང་དམ་པའི་ཆོས་ལ་བསྐྱོད་ན་བཟང་།།
བརྩེ་དུངས་ཀྱི་སྙན་རྩོམ་དེ་སྒྲ་རྒྱན་གྱི་གཞུང་ལུགས་དང་མཐུན་པར་བྲིས།

No comments:

Post a Comment